随便看看吧

བླ་རུང་དུར་ཁྲོད་ཆེན་མོའི་གྱང་ངོར་བྲིས་པའི་མི་རྟག་པའི་ཐོར་བུ།

来源:TB-shenying    发布时间:2019-07-19 21:31:58


བླ་རུང་དུར་ཁྲོད་ཆེན་མོའི་རྡོའི་གྱང་ངོར་བྲིས་བའི་མི་རྟག་པའི་ཐོར་བུ།

                              རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ

 ༈ དར་མའི་ལང་ཚོ་བར་སྣང་འཇའ་ཚོན་འདྲ།།

གཡར་བའི་ལུས་པོ་རླུང་གསེབ་མར་མེ་འདྲ།།

གཅེས་པའི་ཚེ་སྲོག་ནམ་མཁའི་སྤྲིན་གློག་འདྲ།།

འགྱུ་བའི་རྣམ་ཤེས་རྫ་ཆག་བྱེའུ་ཆུང་འདྲ།།

༈ མི་རྟག་འདུ་ཤེས་བྱ་རྒོད་མཆུ་ལས་སྐྱེས།།

ངེས་འབྱུང་བསམ་པ་རུས་གོང་ཁྲོད་ནས་རྙེད།།

འཁོར་བའི་ཉེས་དམིགས་རོ་མྱགས་དྲི་ལས་ཚོར།།

ཚེ་སྲོག་གནས་ལུགས་དུར་གྱི་ཁྲོད་ནས་རྟོགས།།

༈ ཞག་འགའི་གོང་ན་རྩེ་རྒོད་མཛེས་པའི་ལུས།།

དེ་རིང་དུར་རྡོའི་སྟེང་ན་རོར་གྱུར་ཏེ།། 

བྱ་རྒྱལ་རྒོད་པོའི་གཟན་དུ་གྱུར་པ་འདིས།།

ངེས་མེད་འཆི་བའི་དྲན་སྐུལ་ཐེངས་གཅིག་བྱས།།


 ༈ སྔོན་གྱི་གསོན་ལུས་ཡིད་ཀྱི་མཁའ་ན་འགྲེངས། །

ད་ལྟའི་ཤི་ལུས་དུར་རྡོའི་ཕང་ན་ཉལ།།

འདུ་འབྲལ་སྐྱེ་ཤི་སྒྱུ་མའི་ཟློས་གར་ལས།།

དེ་རིང་ཆོས་ཀྱི་བདེན་དོན་མངོན་སུམ་མཐོང་།།

༈ ཤ་དུམ་རུས་དུམ་དུར་རྡོའི་འཁྲིས་ན་གྲམས།།

ཕྱོགས་མེད་རླུང་བུས་སྐྲ་ལོ་མཁའ་ལ་སྤུར།།

ཁེར་རྐྱང་རྣམ་ཤེས་གང་སར་གཏོལ་མེད་འཁྱམས།།

དུས་འདིར་མཆོག་གསུམ་མ་གཏོགས་སྐྱབ་གཞན་གང་།།

༈ ༈ ལུས་ལ་སྙིང་པོ་མེད་པ་འདི་ནས་ཤེས།།

ཚེ་ལ་རྟག་པ་མེད་པ་འདི་ནས་ཤེས།།

སྲོག་ལ་ཡིད་བརྟན་མེད་པ་འདི་ནས་ཤེས།།

དུར་ཁྲོད་འདི་ནས་ཡོད་ཚད་གནས་ལུགས་ཤེས།།


༈ རིང་ལ་ཐུང་བའི་མི་ཡུལ་ལོ་ཟླའི་ནང་།།

མངར་ལ་ཁ་བའི་དགའ་སྐྱོ་ཆགས་སྡང་དང་།།

བདེན་ལ་རྫུན་པའི་མྱོང་སྣང་ཟ་ཟིའི་ཁྲོད།།

སྐྱིད་ལ་སྡུག་པའི་ཚེ་འདི་དོན་མེད་འདས།།


༈ ཞིམ་རྒུའི་ཁ་ཟས་ཟོས་ཀྱང་སྙིང་པོ་ཅི།།

བཟང་རྒུའི་གོས་རྒྱན་སྤྲས་ཀྱང་སྙིང་པོ་ཅི།།

མཚར་རྒུའི་མཛེས་བཟོ་བྱས་ཀྱང་སྙིང་པོ་ཅི།།

བདེན་དང་མི་བདེན་དུར་གྱི་རོ་ལ་གཟིགས།


༈ ཁ་བའི་སྐྲ་ལོས་སྟྭ་གྲིའི་སོ་ཁ་འགྲིམས།།

གཞོན་ནུའི་བརླ་རུས་དུར་ཁྱིའི་མཆེ་བར་གཡེངས།།

སེའུ་བཅུའི་ལག་སོར་བྱ་རྒོད་སྡེར་རྩེར་འཕྱོ།།

ཀྱེ་མ་འཆི་བའི་གནས་ལས་སུ་ཞིག་བྱོལ།།


༈ གོས་ཟད་འདུ་ཤེས་སེམས་མཐིལ་ལ་བཅུག་ཤིང་།།

ཚེ་ཟད་འདུ་ཤེས་སེམས་མཐར་ཡལ་བོར་མོད།།

གྱོན་གོས་གསར་བས་རོ་རྙིང་བཏུམས་པ་ཡི།།

སྣང་ཚུལ་འདི་མཐོང་སྙིང་རྗེས་མཆི་མ་ཤོར།།


ཇ་ཡུན་ཙམ་གྱི་དུས་ཀྱི་མྱུར་ཚད་ཀྱིས།།

གསོན་ལུས་ཤི་བའི་རོ་རུ་གྱུར་མཐོང་ཚེ།།

ཤི་གསོན་བར་ཐག་རང་རེའི་བསམ་ཚོད་ལས།།

ལྡབ་ཀྱིས་ཉེ་བའི་གནས་ལུགས་གློ་བུར་རྟོགས།།

༈ ཤི་གསོན་བྲལ་ནས་བདུན་ཕྲག་ཁ་ཤས་སོང་།།

སྐྱོ་འཛུམ་ཞལ་རས་རྨི་ལམ་ངོགས་ནས་མཐོོང་། །

བར་དོའི་བྱེ་ཐང་སྐྱ་མོའི་ཕང་བ་ནས། །

མཐའ་མའི་ཕྱི་མིག་ང་ཡི་ཞེ་ལ་ཐོགས། །

སྔར་གྱི་བཀྲག་མདངས་ལྡན་པའི་གཅེས་པའི་ལུས།།

ཕྱིས་ནས་སོ་སོར་འཐོར་བས་ངང་ཚུལ་འདིས།། 

མི་ལུས་ཆུ་བུར་འདྲ་ཡང་བདེན་པར་འཛིན།། 

མི་རྟག་འཁྲུལ་སྣང་བདེན་འཛིན་གླེན་པ་འཁྲུལ།།


འདུ་བྱེད་འཕོ་འགྱུར་མངོན་སུམ་མཐོང་བཞིན་དུ།།

ལུས་ཕུང་འཐོར་ཞིག་རིག་ཀྱང་རྟག་འཛིན་རྨོངས།།

ཟློག་མེད་འཆི་བདག་ནག་པོའི་སྟོབས་དེ་ལ།། 

ཇི་ལྟར་བཙན་ཡང་སུས་ཀྱང་འགྲན་ནུས་མེད།། 

གདུག་ཅན་འཆི་བདག་གོམ་ཞེང་ཚུར་ཚུར་ཉེ།།

མི་ཚེ་དོན་མེད་སྟོང་ཟད་ཕར་ཕར་མགྱོགས།།

སྟོབས་ལྡན་འཆི་བདག་ནག་པོའི་འདུན་གྲོང་སར།།

དངངས་འགྱོད་མཆི་མ་གཏོང་དུས་ཡི་རེ་མུག ། 

དངངས་སྐྲག་ཚབ་ཚུབ་ངང་ནས་ལུས་སེམས་བྲལ།།

མི་འདོད་དབང་མེད་གཤིན་ཡུལ་འགྲོ་དགོས་ཐལ།།

གདུག་རྩུབ་ལས་ཀྱི་འཆི་བདག་གཤིན་རྗེ་ཡིས།།

སོད་རྒྱོབ་ཟེར་ནས་སྐད་སྒྲ་གནམ་ས་འགུལ།།

དེ་དུས་ཆེ་འགྱིང་སྟོན་ནའང་འགྲོ་ས་མེད།།